༄༅། །ན་མོ་ཤྲཱི་ཀཱ་ལ་ཙ་ཀྲཱ་ཡ། འདིར་དུས་འཁོར་སྲོལ་རྒྱུན་ལོ་ཐོའི་ངོ་སྤྲོད་སྙིང་བསྡུས་ཤིག་ཞུ་རྒྱུ་ལགས་ན། དེ་ཡང་བོད་ཡུལ་ཁ་བའི་ལྗོངས་སུ་ལོ་རྒྱུས་ཐོག་དུས་ཡུན་རིང་མོར། སྤྱི་ཚོགས་འཚོ་བའི་ཁྲོད་རྟེན་འབྲེལ་བརྟག་པ་ལ་མེད་དུ་མི་རུང་བའི་རྟེན་འབྱུང་རྩིས་ཀྱི་རིག་པ་མང་ཡང། འདིར་རྩ་བའི་རྣམ་དབྱེ་ལ་གསུམ་སྟེ། གནའ་བོའི་བོད་རྩིས་རིག་པ་དང་། ནག་རྩིས་སམ་འབྱུང་རྩིས་རིག་པ། དུས་འཁོར་རྩིས་རིག་ཏེ་དཀར་རྩིས་རིག་པ་གསུམ་ལས་གྲུབ་པའི་གརྟག་ཐབས་རིག་པའི་ལོ་ཐོ་ཞིག་ཡིན་ཅིང། གཞི་དང་རྩ་བ་ལྟ་བུ་ནི་དཔལ་གཉིས་མེད་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང་། དེའི་དགོངས་འགྲེལ་དྲི་མ་མེད་པའི་འོད་ལེའུ་ལྔའི་དག་ཉིད་ཅན་འདི་ཁོ་ན་ལས་བསྟན་པའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། ཉི་ཟླ་གཟའ་སྐར་གྱི་བགྲོད་པ། དུས་བཞི་ཁམས་ལྔའི་འཕོ་འགྱུར་སོགས་བསྟན་པའི་གཞུང་ལ་ཁུངས་ལེགས་པར་གཏུགས་པ་ཡིན་ནོ།། སྐབས་འདིར་དུས་འཁོར་སྲོལ་རྒྱུན་ལོ་ཐོ་ཞེས་མཚན་གསོལ་དོན་ནི། སྤྱི་ལོའམ་ཡེ་ལོ་ 1027 ལོར་དུས་འཁོར་བོད་སྐད་དུ་ཐོག་མར་བསྒྱུར་བ་ནས་བཟུང་། དུས་ཀྱི་འཁོར་ལོར་ཉམས་བཞེས་གནང་མཁན་ནི་ནམ་མཁའི་སྐར་ཚོགས་ལྟར་ཤིན་ཏུ་མང་པོ་བྱུང་ཞིང་། ལྷག་པར་དུ་དུས་རབས་བཅུ་བཞི་པའི་འགོར་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་དང་། བུ་སྟོན་ཐམས་ཅད་མཁྱེན་པ། དོལ་པོ་བ་ཤེས་རབ་རྒྱལ་མཚན་རྣམས་ཀྱིས་དུས་ཀྱི་འཁོར་ལོ་ལ་གཙིགས་ཆེན་བཟུང་སྟེ་ཉམས་བཞེས་ཀྱིས། དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་རྣམ་གཞག་མ་ལུས་པ་ཐུགས་སུ་ཆུད། དམིགས་བསལ་དུ། ཕྱི་དུས་ཀྱི་འཁོར་ལོའི་ནང་དོན་ཉི་ཟླ་གཟའ་སྐར་གྱི་བགྲོད་པ་ས་རིས་ཀྱིས་ལམ་དུ་གཏན་ལ་ཕབ། རྗེས་སུ་གངས་ཅན་གྱི་ལྗོངས་སུ་གོང་གི་མཁས་པ་དེ་དག་གི་རྗེས་འབྲངས་པའི་དུས་འཁོར་རྩིས་རིག་ལ་བརྟེན་པའི་རྟེན་འབྲེལ་བརྟག་པའི་ལོ་ཐོ་མང་དུ་བྱུང་བ་ལས་གཙོ་བོ་གྲགས་ཆེ་བ་ནི་མཚུར་ཕུག་གཉིས་དང་། ཕྱིས་སུ་རྒྱུད་ལུགས་ལོ་ཐོ་ཞེས་གསུམ་གྱི་ངོ་སྤྲོད་མདོར་བསྡུས་ཞུ་ན།
མཚུར་ལུགས་ལོ་ཐོ་ནི།
རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་བའི་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་དུས་རབ་བཅོ་ལྔ་པའི་ནང་མཚུར་ཕུ་ལོ་ཐོ་གསར་དུ་རྩོམ་སྒྲིག་གནང་ཞིང་། དེའི་རྗེས་སུ་ཀརྨ་འཕྲིན་ལས་པ་དང་། དཔའ་བོ་གཙུག་ལག་ཕྲེང་བ། ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀརྨ་པ་བཅུ་བཞི་ཐེག་མཆོག་རྡོ་རྗེ། སི་ཏུ་དབོན་ཀརྨ་ངེས་ལེགས། ཀོང་སྤྲུལ་ཡོན་གཏན་རྒྱ་མཚོ་སོགས་ཀཾ་མཚང་ཡབ་སྲས་ནས་བརྒྱུད་པའི་མཚུར་ལུགས་ཀྱི་ལོ་ཐོ་རྣམས་དང་།
ཕུག་ལུགས་ལོ་ཐོ་ནི།
ཕུག་པ་སྔ་མ་མི་ཉག་རྒྱལ་མཚན་ནས་བརྒྱུད་པའི་དུས་རབས་བཅོ་ལྔ་པའི་དཀྱིལ་ཙམ་ནས་ཤིན་ཏུ་གྲགས་ཆེ་བའི་ཕུག་པ་ཕྱི་མ་མཁས་གྲུབ་རྒྱ་མཚོ་དང་། ནོར་བཟང་རྒྱ་མཚོ། ལྷུན་གྲུབ་རྒྱ་མཚོ་བཅས་རྒྱ་མཚོ་རྣམ་གསུམ་གྱིས་ཤིན་ཏུ་རྒྱས་པར་མཛད་ཏེ། དེ་དག་གི་རྗེས་འབྲང་སྡེ་སྲིད་སངས་རྒྱ་མཚོ་དང། སྨིན་གླིང་ལོ་ཆེན་སོགས་ཕུག་པ་ཡབ་སྲས་རྣམ་པའི་ལུགས་ཀྱི་ལོ་ཐོ་རྣམས་དང་།
རྒྱུད་ལུགས་ལོ་ཐོ་ནི།
འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་དུ་༸ བྱམས་མགོན་བླ་མ་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་ཐུགས་བསྐྱེད་ལྷག་བསམ་འོད་དཀར་གྱིས་བཀའ་དྲིན་འོག མཚུར་ཕུག་རྩིས་རིག་ལུགས་གཉིས་ཀྱི་དགོངས་དོན་ཡོངས་སུ་རྟོགས་པའི་སློབ་དཔོན་ཆེ་མོ་གོ་འཇོ་ཚེ་དབང་རྣམ་རྒྱལ་ལགས་ཀྱིས་དུས་འཁོར་རྒྱུད་འགྲེལ་དང་། དུས་འཁོར་རྩ་རྒྱུད་སོགས་ཀྱི་དགོངས་པ་མཐར་གཏུགས་ཀྱི་དོན་རྣམས་དཔྱད་པ་གསུམ་དང་མངོན་སུམ་ཚད་མས་གཏན་ལ་ལེགས་པར་ཕབ་ཏེ་སྲོལ་གཏོད་དར་རྒྱས་མཛད་པའི་དཔལ་སྤུངས་རྒྱུད་ལུགས་ལོ་ཐོ་འདི་ནི། དུས་རབ་ཉེར་གཅིག་འཆར་བ་དང་དུས་མཚུངས་ལོ་ཐོ་གསར་བསྒྲིགས་གྱིས་འདོན་སྤེལ་གནང་ནས་ད་ཆ་འདོན་སྤེལ་བྱེད་བཞིན་པའོ། །མདོར་ན་གོང་སོང་ལོ་ཐོའི་ལུགས་དེ་དག་ནི་དུས་འཁོར་གཞུང་ལ་ཁུངས་བཅོལ་གྱིས་སྲོལ་གཏོད་དར་རྒྱས་བྱུང་བར་བརྟེན། ད་ལྟའི་ལོ་ཐོའི་མཚན་ལའང་དུས་འཁོར་སྲོལ་རྒྱུན་ལོ་ཐོ་ཞེས་མཚན་གསོལ་བ་ཡིན།
དེ་ལྟར་དུས་འཁོར་སྲོལ་རྒྱུན་ལོ་ཐོ་ལུགས་གསུམ་ཅན་ནི།
དཔལ་སྤུངས་གཏེར་སྲས་མཐུ་སྟོབས་རིན་པོ་ཆེ་མཆོག་ནས། ལས་རིམ་ཐོག་མཐའ་བར་གསུམ་གྱི་འགྲོ་གྲོན་ཆ་ཚང་མཐུན་འགྱུར་གནང་རྒྱུར་ཞལ་བཞེས་ཀྱིས། ཁ་ཚ་དགོས་གཏུགས་ལ་ཕན་པའི་བོད་རྩིས་རིག་པའི་དྲ་རྒྱའི་སྡིང་ཆ་ཞིག་བསྐྲུན་པའི་བསྐུལ་མ་ལམ་སྟོན་གནང་བ་ལྟར། འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་རིག་གནས་མཐོ་སློབ་ཀྱི་སྐབས་དང་པོའི་སློབ་ཐོན་རྩིས་པ་ཐ་ཤལ་བ་བན་ཆེན་གྲྭ་ཀརྨ་འཕྲིན་ལས་ཆོས་འཕེལ་གྱིས། དེང་དུས་གློག་ཀླད་ཆེད་ལས་རིག་པའི་ (Python Programming Language) སྟེང་ནས་སྲོལ་རྒྱུན་སྐར་རྩིས་རི་མོ་གཏན་ལ་ཕབ་ཅིང་། སྤྱི་ལོ་ 2024 ནས་ 2047 བར་གྱི་ལོ་ཐོ་འབྲིང་པོའི་རྣམ་པ་ཞིག་སྦྱོར་སྒྲོལ་རྩོམ་སྒྲིག་བགྱིས་པ་ལགས་ན། ལོ་ཐོའི་ལག་ཐོག་མཉེན་ཆས་འདིས། སྤྱིར་རང་རེའི་བོད་རྩིས་རིག་གཞུང་ལ་སྲི་ཞུ་དང་། རང་རེའི་སྤྱི་ཚོགས་འཚོ་བའི་ཁྲོད་མི་དམངས་ལ་ཚེས་ཆ་བཟང་ངན་དང་། མི་སྒེར་སོ་སོའི་སྐྱེས་རྩིས་བརྟག་པ་སོགས་ལ་དགེ་མཚན་ཕན་ཐོགས་ཡོང་བའི་རེ་བ་དང་བཅས།
ལོ་ཐོ་ལུགས་གསུམ་གྱི་གཟིགས་སྤྱོད་གནང་ཆོག
ནམ་རྒྱུན་དུ་བོད་གཞུང་ལོ་ཐོ་དང་ཁུ་ནུ་ལོ་ཐོ་གཟིགས་མཁན་རྣམ་པས་ཕུག་ལུགས་ལོ་ཐོ་གཟིགས་སྤྱོད་གནང་ཆོག
མཚུར་ལུགས་ལོ་ཐོ་ནི་འཕགས་ཡུལ་གདན་ས་མཚུར་ཕུ་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དང་། དེའི་ཡན་ལག་དང་བཅས་པས་གཟིགས་སྤྱོད་གནང་ཆོག
རྒྱུད་ལུགས་ལོ་ཐོ་ནི་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་ཐུན་མིན་ལོ་ཐོ་ཞིག་ཡིན་གཤིས། གདན་ས་དེ་དང་དེའི་ཡན་ལག་དང་བཅས་པས་གཟིགས་སྤྱོད་གནང་ཆོག
མདོར་ན། མི་སྒེར་སོ་སོའི་རང་མོས་ལོ་ཐོའི་ལུགས་ཀྱི་རྗེས་སུ་འབྲངས་ནས། ཚེས་ཆའི་རྟེན་འབྲེལ་བརྟག་པ་ལ་མོས་བསྐྱེད་ཟབ་མོ་ཡོད་རིགས་ཀུན་ལ་ཕན་པའི་རེ་བ་དང་བཅས། དུས་འཁོར་སྲོལ་རྒྱུན་ལོ་ཐོའི་ངོ་སྤྲོད་སྙིང་བསྡུས་ཞུ་མཚམས་རྫོགས་སོ།། སརྦམངྒལཾ།། །།
འབྲེལ་ཡུལ།
འཕྲིན་ལས། WhatsApp +917018316788
bhaithrinley@gmail.com