༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
སྤེན་པ། བོད་ཟླ་ ༣ ཚེས་ ༢༠
Sat 17-05-2025
ཚེས་ཁོངས། སྤེན་པ། ༢༠ ཆུ་སྟོད། ས་ཆུ། དགེ་བ། སྤྱི། མེ་ལྷ། ཚེས་ཁོངས།
གཟའ། སྤེན་པ་དབུལ་པོ་མ་ནིང་བྲན། །བྱིས་པའི་བླ་གཟའ་དམངས་རིགས་ཏེ། །དྲག་པོ་མདོག་ནག་སའི་ཁམས་ལ། །ཁང་པ་རྩིག་བཟུང་ཞལ་བསྲོ་བ། །ས་ཁ་ལམ་འཕྲང་རྫིང་ཡུར་འཆོས།། ཚེ་གཡང་འགུགས་དང་ནོར་ཕྱུགས་ལེན། །ནོར་སྒྲུབ་སྒྱེད་འཛུགས་རྐུན་ཇག་དམག །ཞིང་ལས་མེ་ཏོག་སྐྱེ་ཤིང་འཛུགས། །ལྕགས་དང་མདའ་མཚོན་ནག་པོའི་ལས། །སྲི་མནན་རྒྱལ་མཚན་བང་མཛོད་འཛིན། །ཡུལ་མཁར་མིང་འདོགས་བུད་མེད་བགྲོད། །ཁྱི་གསོ་ས་བོན་འདེབས་དང་རྩིས། །དབུལ་ཕོངས་བྲན་དང་བྱིས་པ་ཡི། །བསྒྲུབ་བྱའི་ལས་དང་དྲག་ལས་བཟང་། །ནག་ཕྱོགས་དར་དུས་ལྟོ་བགྲོད་མཚན། །དལ་འགྲོས་སྟོབས་ཆེ་ཁྱད་པར་དུ། །ཆུ་བུམ་ཁྱིམ་གནས་བསད་ལས་འགྲུབ། །རབ་བྱུང་རབ་གནས་ཁྲིམས་ལུགས་འཆའ། །འཆད་ཉན་སྨན་སྦྱོར་གོས་དྲ་གྱོན། །རྒྱན་འདོགས་ལྷ་གསོལ་རྒྱལ་ས་འཛིན། །ནོར་ཕྱུགས་ས་ཞིང་ཡུལ་མཁར་རྣམས། །ཕྱིར་གཏོང་སྐྲ་འཁྲུ་སྐྲ་སེན་འདྲེག །གསོན་དགེ་བག་མ་གཤིན་གྱི་ལས། །གཏར་སྲེག་ཕྲུ་སློག་ཟློག་པ་ཚོང་། །ལྷ་ཁང་རྟེན་བཞེངས་བྲན་བརྟེན་བསྡུམས། །རྟ་དྲེལ་སྒ་རྒྱག་སྦྲ་ཕྱར་འཚེམ། །རྒྱལ་པོར་ཕྱག་མཆོད་ཞལ་ཆེ་སྐྱས། །ཞི་དང་རྒྱས་པའི་ལས་རྣམས་ངན།། ཚེས། ཉི་ཤུ་རྒྱས་པའི་ལས་ལ་བཟང་། །རབ་གནས་སྐྲ་འཁྲུ་རྒྱལ་སར་བསྐོ། །ལྷ་རྟེན་བཞེངས་དང་ལམ་ཞུགས་ངན།། སྐར་མ། ཆུ་སྟོད་གཡང་སྐར་ཆུ་ཡི་ཁམས། །བརྟན་པའི་དོན་གྲུབ་ནས་ཀྱི་བླར། །རབ་བྱུང་དབང་བསྐུར་རབ་གནས་དང་། །བཀྲ་ཤིས་ཞལ་གསོ་ལྷ་གཡང་ཚེ། །གཉེན་སྦྱོར་འཁོར་བརྟེན་རྒྱལ་སར་བསྐོ། །ཞུ་གསོལ་ཉོ་ཚོང་ཁང་རྨང་འདིངས། །ཆུ་སྒྱུར་རྫིང་ཁྲོན་ཆུ་འཆུ་བ། །ས་ཁ་ས་བོན་ནོར་ཕྱུགས་ལེན། །སྐྲ་འཁྲུ་རྒྱན་སྤྲོད་མིང་འདོགས་པ། །བཟློག་རིམ་སྦྱིན་སྲེག་བང་མཛོད་བཅའ། །ལྟད་མོ་ལམ་ཞུགས་བཟོ་ཡི་རིགས། །དགེ་བའི་ལས་དང་གསོན་ལས་བཟང་། །འབྲུ་ནོར་ཕྱིར་གཏོང་བང་བ་འབྱེད། །གཤིན་ལས་ཐབ་བཅའ་གོས་དྲ་གྱོན། །འཕོ་སྐྱས་རྟ་རྒྱུག་སྟོན་མོ་བག །རགས་རྩིག་ཞི་རྒྱས་ལས་ཕལ་ངན།། འབྱུང་འཕྲོད། ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།། སྦྱོར་བ། དགེ་བ་གསོན་སྟོན་བྱེད་པ་བཟང་། གནམ་སྒོ། སྤྱི་ཡི་གནམ་སྒོའི་དུས་སུ་ནི། །ལས་དང་བྱ་བ་ཅི་བྱས་འཕུང་།།  མེ་ལྷ། མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -