༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༣
ཤིང་ཕོ་འབྲུག་ལོ།2026
མེ་ཕོ་རྟ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ། བོད་ཟླ་ ༨ ཚེས་ ༡༢
Wed 23-09-2026
ཚེས་ཁོངས། ལྷག་པ། ༡༢ གྲོ་བཞིན། ས་ཆུ། བཟང་པོ། ཚོང་། མེ་ལྷ། ཚེས་ཁོངས།
གཟའ། ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།། ཚེས། བཅུ་གཉིས་ལྷ་ཁང་རྟེན་བཞེངས་བ། །རྒྱལ་ས་ཐབ་བཅའ་རྫིང་ཡུར་འདྲུ། །ས་བོན་འདེབས་དང་ཞིང་ལས་བཟང་། །རབ་བྱུང་སྐྲ་འཁྲུ་སྦྱིན་སྲེག་དང་། །ལམ་ཞུགས་བྲན་བསྟེན་ཕྱུགས་ཉོ་ངན།། སྐར་མ། གྲོ་བཞིན་ཟློས་སྐར་ས་ཡི་ཁམས། །མྱུར་བར་འགྱུར་བ་བོན་པོའི་བླར། །རབ་གནས་རྟེན་བཞེངས་རྒྱལ་སར་བསྐོ། །བློ་གྲོས་གཞི་འདིང་རྫིང་ཡུར་འདྲུ། །ཆུ་ལས་སོ་ནམ་སྐྱིད་སྟོན་དང༌། །དགེ་ལས་ཚེ་གཡང་གཉེན་སྒྲིག་པ། །བག་མ་ཚུར་ལེན་ལྷ་གསོལ་བ། །དྲ་གྱོན་རྒྱན་འདོགས་ཁྱིམ་གསར་འཛིན། །ཕར་རྒོལ་བང་མཛོད་རྩིག་དང་འབྱེད། །བཟློག་རིམ་མོ་རྩིས་འཐབ་མོ་བསྡུམས། །སྨན་སྦྱོར་གཏར་སྲེག་ས་ཁ་དབྱེ། །ས་བོན་ནོར་འཇལ་རྟ་གླང་འདུལ། །ལམ་ཞུགས་ཚོང་སོགས་བརྟན་མིན་དང༌། །མྱུར་འགྲུབ་རྒྱས་པའི་ལས་རྣམས་བཟང༌། །རབ་བྱུང་བོན་ཆོག་བུ་ལོན་འཇལ། །གསོན་ཆོས་མཁར་ལས་སྲི་མནན་དང་། །རྐུན་ཇག་ཤིད་ཀྱི་སྟོན་མོ་ངན།། འབྱུང་འཕྲོད། ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།། སྦྱོར་བ། བཟང་པོ་ཀུན་གྱི་ཡིད་དུ་འོང་། གནམ་སྒོ། ཚོང་གི་གནམ་སྒོར་ཚོང་བྱས་ན། །ཚོང་ཉེས་གོད་ཁ་རྒྱུན་མི་ཆད།།  མེ་ལྷ། མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -